查看原文
其他

པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ། སྒྲ་དང་ཡི་གེ 86-87

关注👉🏼⏯ 藏家韵味 2021-07-10




86༽བསམ་ཡས་སྐུ་རྟེན་ལྷའི་བཞུགས་བྱང་དཀར་ཆག་ཏུ་བཀོད་པའི་ལེའུ།



87ཕྱི་མཚན་ཉིད་ཐེག་པའི་བཀའ་དང་བསྟན་བཅོས་འགྱུར་བྱང་གི་ལེའུ།



པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ།

༨༦། བསམ་ཡས་སྐུ་རྟེན་ལྷའི་བཞུགས་བྱང་དཀར་ཆག་ཏུ་བཀོད་པའི་ལེའུ།

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བསམ་ཡས་སྐུ་རྟེན་བཞུགས་བྱང་ཡི་གེར་བཏབ༔ དཀར་ཆག་རྒྱས་བསྡུས་གསུམ་ལས་འདི་རུ་བསྡུས༔ མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་༔ གཞི་ཆེ་དཔངས་མཐོ་རྒྱུ་བཟང་བཀོད་པ་ལེགས༔ འདུལ་བ་ལྟར་ན་གཙུག་ལག་ཁང་དུ་བཞེངས༔ མདོ་སྡེ་ལྟར་ན་ཞིང་ཁམས་གཅིག་གི་ཚུལ༔ མངོན་པ་ལྟར་ན་སྣོད་བཅུད་གཅིག་ཏུ་གྲུབ༔ གསང་སྔགས་ལྟར་ན་དཀྱིལ་འཁོར་གཅིག་ཏུ་རྫོགས༔ དབུ་རྩེ་རིགས་གསུམ་བཀོད་པའི་ཁྱད་པར་ནི༔ འོག་ཁང་རྒྱ་ནག་བར་ཁང་རྒྱ་གར་ལུགས༔ སྟེང་ཁང་ལི་ཡི་ལུགས་སུ་བཞེངས་པ་ཡིན༔ ལྕོག་བཞིར་སངས་རྒྱས་དགའ་བའི་རྒྱུད་རིས་བྲིས༔ ཆོས་སྐྱོང་ལག་ན་རྡོ་རྗེ་བཞི་ལ་གཏད༔ སྟེང་ཁང་གཙོ་བོ་རྣམ་སྣང་ཀུན་ཏུ་ཞལ༔ བྱམས་པ་སྤྱན་རས་གཟིགས་དང་ཀུན་ཏུ་བཟང་༔ འཇམ་དབྱངས་ནམ་མཁའི་སྙིང་པོ་རྡོ་རྗེ་འཛིན༔ ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ༔ ཉེ་བའི་སྲས་བརྒྱད་འཁོར་གྱིས་རབ་ཏུ་བསྐོར༔ ཕྱོགས་བཅུ་ནས་བྱོན་སེམས་དཔའ་ཉི་ཤུ་བཞི༔ སྒོ་སྲུང་བརྒྱད་དེ་བཞི་བཅུ་རྩ་གཅིག་བཞུགས༔ རི་མོར་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཀོད༔ ཆོས་སྐྱོང་གནོད་སྦྱིན་ཟངས་ཀྱི་འབེ་ལོག་ཅན༔ བར་ཁང་གཙོ་བོ་དུས་གསུམ་སངས་རྒྱས་ལ༔ ས་བཅུའི་བྱང་ཆུབ་སེམས་དཔའ་བཅུ་ཡིས་བསྐོར༔ ཀང་ཀིང་གཉིས་ཏེ་ལྷ་ཚོགས་བཅོ་ལྔ་བཞུགས༔ རི་མོར་རྒྱས་པ་འབུམ་གྱི་གླེང་གཞི་བྲིས༔ བསྐོར་ཁང་ཕྱི་བལྟས་མཆོད་རྟེན་བརྒྱད་པ་སྟེ༔ ནང་བལྟས་སྤྲིན་ཆེན་སྙིང་པོའི་རི་མོ་བྲིས༔ བསྐོར་ཁང་གདོང་ལ་རྒྱལ་ཆེན་རྣམ་གཉིས་བཞུགས༔ སྔ་ཁང་གདོང་ལ་ཕྱོགས་བཅུའི་སངས་རྒྱས་དང་༔ རྡོ་རྗེ་སེམས་དཔའ་གཤིན་རྗེའི་གཤེད་ཀྱི་ལྷ༔ ཆོས་སྐྱོང་རྣམས་ཀྱི་འབག་དང་བཅས་པ་བྲིས༔ ཆོས་སྐྱོང་རྒྱལ་པོ་ཤིང་བྱ་ཅན་ལ་གཏད༔ འོག་ཁང་གཙོ་བོ་དུས་གསུམ་སངས་རྒྱས་ཀྱིས༔ བྱིན་གྱིས་བརླབས་པའི་རྡོ་སྐུ་རང་བྱོན་ནི༔ བསྟན་པའི་བདག་པོ་བྱང་ཆུབ་ཆེན་པོ་ལ༔ བསྐལ་པ་བཟང་པོའི་སངས་རྒྱས་བཅུ་ཡིས་བསྐོར༔ ཁམས་གསུམ་རྣམ་རྒྱལ་ཁྲོ་བོ་མི་གཡོ་མགོན༔ སྒོ་སྲུང་བཅས་ཏེ་ལྷ་ཚོགས་བཅུ་གསུམ་བཞུགས༔ རི་མོར་སྙིང་པོ་ཕྱོགས་བཅུའི་སངས་རྒྱས་དང་༔ བསྐོར་ཁང་ཕྱི་བལྟས་པདྨ་དཀར་པོ་ལ༔ ནང་བལྟས་འདུས་པ་རིན་ཆེན་ཏོག་ཏུ་བྲིས༔ ཆོས་སྐྱོང་སེང་གེ་ཁྲི་ཡི་རལ་པ་ཅན༔ སྔ་ཁང་མདོ་སྡེ་དཀོན་མཆོག་སྤྲིན་དུ་བྲིས༔ འཁོར་ས་བར་བར་རྒྱ་ཆེར་རོལ་པ་དང་༔ ལྷོ་ཕྱོགས་མཛོད་གསུམ་རོལ་ཁང་ནོར་གྱི་མཛོད༔ ཆོས་སྐྱོང་གཤིན་རྗེ་ནག་པོ་མཆེད་གསུམ་གཏད༔ ནུབ་ཕྱོགས་མཛོད་གསུམ་གསུང་རབ་རྒྱུད་ཀྱི་མཛོད༔ ཆོས་སྐྱོང་ཨཱ་ཙར་ནག་པོ་མཆེད་གསུམ་ཡིན༔ བྱང་ཕྱོགས་མཛོད་གསུམ་རིན་ཆེན་གཏེར་གྱི་མཛོད༔ ཆོས་སྐྱོང་གནོད་སྦྱིན་ནག་པོ་མཆེད་གསུམ་བསྐོས༔ འཁོར་ས་ཆེན་མོར་སྡོང་པོ་བརྒྱན་པ་བྲིས༔ ཆོས་སྐྱོང་རྒྱལ་པོ་ཨཱ་ནན་ཨུ་ལི་ཀ༔ དེ་ལྟར་ལྷ་ཚོགས་དྲུག་ཅུ་རྩ་དགུ་བཞུགས༔ མདོ་སྡེའི་རྒྱུད་རིས་དག་ནི་བཅུ་བཞིས་བསྐོར༔ དེ་དག་དབུ་རྩེ་རིགས་གསུམ་བཞུགས་བྱང་ཡིན༔ ཉི་ཟླ་ལྷ་ཁང་གཉིས་ན་ལྷ་ཚོགས་ནི༔ བྱང་ཆུབ་ཆེན་པོ་གཙོ་འཁོར་ལྔ་ལྔ་བཞུགས༔ རི་མོར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་༔ ཆོས་སྐྱོང་གནོད་སྦྱིན་གང་བཟང་ནོར་བུ་བཟང་༔ གླིང་བཞི་གླིང་ཕྲན་སྐུ་རྟེན་བཞུགས་པ་ལ༔ ཤར་གྱི་འཇམ་དཔལ་གླིང་ན་ལྷ་ཚོགས་ནི༔ འཇམ་དཔལ་གཙོ་འཁོར་ལྔ་དང་སྒོ་སྲུང་ནི༔ གཤིན་རྗེ་ནག་པོ་གཉིས་ཏེ་རྣམ་པ་བདུན༔ རི་མོར་འཇམ་དཔལ་ཞིང་གི་ཡོན་ཏན་བཀོད༔ འཁོར་ཁྱམས་ཕལ་པོ་ཆེ་ཡི་རྒྱུད་རིས་བྲིས༔ ཆོས་སྐྱོང་གཤིན་རྗེ་མེ་ཡི་འཁོར་ལོ་ཅན༔ ཆོས་རྣམས་ཉན་དང་བཤད་པར་བྱེད་པའི་གླིང་༔ ཨཱརྱ་པ་ལོའི་གླིང་ན་ལྷ་ཚོགས་ནི༔ ཐུགས་རྗེ་ཆེན་པོ་གཙོ་འཁོར་རྣམ་པ་བདུན༔ གློ་འབུར་གཡས་ན་སྐུ་གསུང་ཐུགས་ཀྱི་རྟེན༔ རྒྱལ་པོའི་སྐུ་ཚབ་དངུལ་ལས་བཞེངས་པ་དང་༔ གསུང་གི་རྟེན་ལ་ཀླུ་འབུམ་པོད་བཞི་མ༔ ཐུགས་ཀྱི་རྟེན་ལ་ཕྲ་མེན་མཆོད་རྟེན་བཞུགས༔ གཡོན་ན་སེང་གེ་སྒྲ་ཡི་ལྷ་ཚོགས་བཞུགས༔ སྟེང་ན་ཨ་མི་ཏཱ་བྷའི་ལྷ་ཚོགས་ལྔ༔ སྔ་ཁང་ཟ་མ་ཏོག་གི་བཀོད་པ་དང་༔ བསེ་ཡི་ལྷ་མོ་སྟོང་དང་རྩ་གཉིས་བྲིས༔ འཁོར་སར་ས་ཡི་སྙིང་པོ་འཁོར་ལོ་བཅུ༔ གློ་འབུར་ནུབ་ན་རིགས་གསུམ་མགོན་པོ་བཞུགས༔ ཆོས་སྐྱོང་དབང་ཆེན་ཕོ་ཉ་རྣམས་ལ་གཏད༔ གང་ཟག་སྡིག་པ་བཤགས་པར་བྱེད་པའི་གླིང་༔ དགའ་ལྡན་བྱམས་པ་གླིང་ན་ལྷ་ཚོགས་ནི༔ བྱམས་པ་གཙོ་འཁོར་ལྔ་དང་སྒོ་སྲུང་གཉིས༔ སྟེང་ན་སངས་རྒྱས་སྣང་མཐའ་གཙོ་འཁོར་ལྔ༔ ལྟེ་བའི་ལོགས་ལ་སངས་རྒྱས་སུམ་ཅུ་ལྔ༔ སྒྲོལ་མའི་ལྷ་ཚོགས་ཉི་ཤུ་རྩ་གཅིག་བཞུགས༔ བསྐོར་ཁང་ཕྱི་ལྟ་ནང་ལྟ་གཉིས་ལ་ནི༔ གནས་བརྟན་བཅུ་དྲུག་བསམ་ཡས་ཉིད་ཀྱི་དཔེ༔ སྔ་ཁང་ལ་ནི་ཡ་ཐོག་རིང་མོ་དང་༔ མ་ཐོག་ཐུང་ངུ་ཁུག་པ་བཅོ་བརྒྱད་དང་༔ རྒྱ་ཆེ་ལྷས་གནང་སྐྱེས་པའི་རབས་ཀྱང་བཀོད༔ འཁོར་འཁྱམས་ཕལ་བོ་ཆེ་ཡི་རྒྱུད་རིས་བྲིས༔ ཆོས་སྐྱོང་མཁའ་འགྲོ་གུ་ལི་བེ་ཅོན་ཅན༔ གང་ཟག་ཁྱད་འཕགས་ལུང་རྣམས་སྟོན་པའི་གླིང་༔ བྱང་ཆུབ་སེམས་བསྐྱེད་གླིང་གི་ལྷ་ཚོགས་ནི༔ གཙོ་བོ་སངས་རྒྱས་མ་ཆགས་པདྨ་ཅན༔ ཕྱག་ན་རྡོ་རྗེ་སྒྲིབ་པ་རྣམ་པར་སེལ༔ ཁྲོ་བོ་བདུད་རྩི་འཁྱིལ་དང་ཀཱི་ལ་ཡ༔ ཕྱོགས་བཅུ་ནས་བྱོན་སེམས་དཔའ་བཞི་བཅུ་གཉིས༔ དེ་ལྟར་ལྷ་ཚོགས་བཞི་བཅུ་རྩ་བདུན་བཞུགས༔ རྒྱུད་རིས་མདོ་སྡེ་དཀོན་ཅོག་སྤྲིན་དང་ནི༔ འཁོར་ས་ལ་ནི་འཕགས་པ་རྟག་ཏུ་ངུ་༔ ཤེས་རབ་ཕ་རོལ་ཕྱིན་པ་འཚོལ་བ་བྲིས༔ ཆོས་སྐྱོང་རྒྱལ་པོ་བསེ་ཡི་ཁྲབ་ཅན་དང་༔ མཁའ་འགྲོ་སེང་གེའི་གདོང་ཅན་མ་ལ་གཏད༔ དེ་དག་གླིང་བཞིའི་ལྷ་ཡི་བཞུགས་བྱང་ཡིན༔ གླིང་ཕྲན་བརྒྱད་ལ་རྣམ་དག་ཁྲིམས་ཁང་གླིང་༔ ལྷ་ཚོགས་བྱང་ཆུབ་ཆེན་པོ་གཙོ་འཁོར་ལྔ༔ རི་མོར་ཏིང་འཛིན་རྒྱལ་པོའི་རྒྱུད་རིས་བྲིས༔ ཆོས་སྐྱོང་ཚངས་པ་དུང་གི་ཐོར་ཚུགས་ཅན༔ དད་ལྡན་འདུལ་ཁྲིམས་ལེན་པར་བྱེད་པའི་གླིང་༔ བརྡ་སྦྱོར་ཚང་མང་གླིང་ན་ལྷ་ཚོགས་ནི༔ ཤཱཀྱ་ཐུབ་པ་གཙོ་འཁོར་རྣམ་པ་བདུན༔ མདོ་སྡེ་རིན་ཆེན་སྣ་ཚོགས་རྒྱུད་རིས་བྲིས༔ འཁོར་ཁྱམས་བཙུན་པའི་གཡོས་ཁང་དག་ཏུ་བྱས༔ ཆོས་སྐྱོང་རྒྱལ་པོ་འབྲུག་གི་སླག་པ་ཅན༔ དགེ་འདུན་ཟས་ཀྱིས་འཚོ་བར་བྱེད་པའི་གླིང་༔ བདུད་འདུལ་སྔགས་པ་གླིང་ན་ལྷ་ཚོགས་ནི༔ བྱང་ཆུབ་ཆེན་པོ་ལུགས་མ་གཙོ་འཁོར་ལྔ༔ རི་མོར་ནམ་སྙིང་གཙུག་ན་རིན་ཆེན་མདོ༔ ཆོས་སྐྱོང་དབང་ཕྱུག་ཉི་ཤུ་བརྒྱད་ལ་གཏད༔ ཐོས་བསམ་སྒོམ་གསུམ་བར་ཆད་བསྲུང་པའི་གླིང་༔ སྒྲ་བསྒྱུར་རྒྱ་གར་གླིང་ན་ལྷ་ཚོགས་ནི༔ ཇོ་བོ་ཤཱཀྱ་ལུགས་མ་གཙོ་འཁོར་ལྔ༔ རྒྱུད་རིས་འདུལ་བ་རྣམ་དག་ཚེ་དཔག་མེད༔ མདུན་ན་ལོ་པཎ་བཞུགས་པའི་གཙང་ཁང་ཡོད༔ ཆོས་སྐྱོང་གནོད་སྦྱིན་ར་ཐོད་ཅན་ལ་གཏད༔ སྡེ་སྣོད་ཆོས་ཀྱི་སྒྲ་སྒྱུར་བྱེད་པའི་གླིང་༔ ལུང་བསྟན་བཻ་ཙའི་གླིང་ན་ལྷ་ཚོགས་ནི༔ ཟངས་ཀྱི་རྣམ་པར་སྣང་མཛད་གཙོ་བོ་ལ༔ འཁོར་ནི་གསང་བའི་ཡུམ་བཞི་དག་གིས་བསྐོར༔ རི་མོར་རྣམ་སྣང་མངོན་པར་བྱང་ཆུབ་པ༔ ཆོས་རྣམས་ཐེགས་པ་རིམ་པར་འབྱེད་པའི་གླིང་༔ མི་གཡོ་བསམ་གཏན་གླིང་ན་ལྷ་ཚོགས་ནི༔ རྣམ་པར་སྣང་མཛད་ཡབ་ཀྱི་ཐུགས་དམ་ནི༔ གཉེན་པོ་བྱིན་ཅན་ཞེས་ནི་གྲགས་པ་ཡིས༔ གཙོ་བོ་མཛད་པའི་རྒྱལ་བ་རིགས་ལྔ་ལ༔ བསྐལ་པ་བཟང་པོའི་སེམས་དཔའ་བཅུ་དྲུག་བསྐོར༔ རི་མོར་ངན་སོང་སྦྱོང་བའི་རྒྱུད་རིས་བྲིས༔ འཁོར་ཁྱམས་ཕལ་པོ་ཆེ་ཡི་རྒྱུད་རིས་བཀོད༔ ཆོས་སྐྱོང་རྒྱལ་པོ་དངུལ་གྱི་མགོ་ཅན་ཡིན༔ ཏིང་འཛིན་བསམ་གཏན་སྒོམ་པར་བྱེད་པའི་གླིང་༔ མི་ནུབ་རྒྱལ་མཚན་རིན་ཆེན་ཕྲེང་བ་བཀོད༔ རིན་ཆེན་སྣ་ཚོགས་གླིང་ན་ལྷ་ཚོགས་ནི༔ ཤཱཀྱ་ཐུབ་པ་གཙོ་འཁོར་རྣམ་པ་ལྔ༔ རྒྱུད་རིས་གསེར་འོད་དམ་པའི་མདོ་སྡེ་དང་༔ དགའ་ལྡན་ཡུལ་དུ་ཡུམ་ལ་ཆོས་གསུངས་ཚུལ༔ དྲིན་ལན་བསབ་པའི་མདོ་དང་རྣམ་གསུམ་བྲིས༔ ཆོས་སྐྱོང་རྒྱལ་པོ་གཡི་ཡི་སྦར་བ་ཅན༔ བྱང་ཆུབ་སྨོན་པ་སེམས་སྐྱེད་བྱེད་པའི་གླིང་༔ པེ་ཀར་དཀོར་མཛོད་གླིང་ན་ལྷ་ཚོགས་ནི༔ གཙོ་བོར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ༔ འཁོར་ནི་ཉེ་བའི་སྲས་བརྒྱད་འཛུམ་བཅས་བཞུགས༔ རི་མོར་ཡབ་སྲས་མཇལ་བའི་རྒྱུད་རིས་བྲིས༔ སྔ་གདོང་གཉིས་ལ་རྒྱལ་ཆེན་རྣམས་གཉིས་བཀོད༔ དཀོར་མཛོད་རེ་ལ་ནོར་སྣ་རེ་རེ་བཞག༔ ཆོས་སྐྱོང་ཡང་ནི་ཟུང་རེ་དག་ལ་གཏད༔ དགྲ་བླ་ཆེན་པོ་འཁོར་དང་བཅས་པ་ཡིན༔ རྒྱལ་བློན་རྗེ་འབངས་འཚོ་བ་ནོར་གྱི་མཛོད༔ དེ་དག་གླིང་ཕྲན་བརྒྱད་ཀྱི་དཀར་ཆག་ཡིན༔ བཅུ་གཉིས་གླིང་ལ་མི་ཐེ་ཁྲུས་ཁང་གླིང་༔ འོག་ཁང་སོ་ཕག་ཐང་ལ་ཁྲུས་བྱེད་ས༔ སྟེང་ཁང་མི་རྟག་སྟོན་པའི་རྒྱུད་རིས་བྲིས༔ ཆོས་སྐྱོང་རྒྱལ་པོ་ལག་ན་བུམ་ཐོགས་ཡིན༔ གང་ཟག་ཁྲུས་ཀྱིས་དག་པར་བྱེད་པའི་གླིང་༔ ཚང་མང་ཀེ་རུའི་གླིང་གི་འོག་ཁང་ནི༔ སློབ་དཔོན་ཆོས་སྟོན་གསོལ་བའི་ཚང་མང་སྟེ༔ སྟེང་ཁང་ནང་ན་བ་སོའི་ལྷ་ཁང་བཞུགས༔ ལོགས་ལ་སློབ་དཔོན་པདྨའི་རྣམ་ཐར་བྲིས༔ ཆོས་སྐྱོང་གནོད་སྦྱིན་ལག་ན་དབྱིག་ཐོགས་ཡིན༔ མཁན་སློབ་ཆོས་སྟོན་གསོལ་བར་བྱེད་པའི་གླིང་༔ མཐུ་རྩལ་ཀླུ་གླིང་སོ་ཕག་ཁང་པའི་ནང་༔ མཚོ་ཐབས་ཆུ་ནི་རྟག་ཏུ་མེར་བ་འདྲ༔ པདྨའི་སྡོང་པོ་སྐྱེས་པའི་སྙིང་པོའི་དབུས༔ ཕྱག་ན་རྡོ་རྗེ་སྐུ་མདོག་དཀར་པོ་ནི༔ ཞི་བའི་ཚུལ་དུ་བཞུགས་པའི་ཡལ་ག་ལ༔ ཀླུ་ཆེན་བརྒྱད་ནི་འདུད་པའི་ཚུལ་དུ་བཞུགས༔ རྩིག་པའི་ལོགས་ལ་ཀླུ་དང་ས་བདག་གཉན༔ རི་མོར་བྲིས་པ་ཆུ་ནང་འགུལ་བ་བཞིན༔ ཆོས་སྐྱོང་རང་ཆགས་ས་བདག་རྒྱུ་འདལ་ཡིན༔ མཆོད་རྟེན་དཀར་པོ་སེང་གེ་བཞི་ཡིས་བརྒྱན༔ ཆོས་སྐྱོང་གནོད་སྦྱིན་སྐར་མདའ་གདོང་ལ་གཏད༔ མཆོད་རྟེན་དམར་པོ་པདྨ་སྟོང་གིས་བརྒྱན༔ ཆོས་སྐྱོང་སྲུང་མ་གཟའ་རྒོད་མིག་དམར་ཡིན༔ མཆོད་རྟེན་ནག་པོ་སྐུ་གདུང་དག་གིས་བརྒྱན༔ ཆོས་སྐྱོང་མཁའ་འགྲོ་ལྕགས་མཆུ་ཅན་ལ་གཏད༔ མཆོད་རྟེན་སྔོན་པོ་ལྷ་ཁང་བཅུ་དྲུག་བརྒྱན༔ ཆོས་སྐྱོང་གནོད་སྦྱིན་ཉི་མའི་གདོང་ལ་གཏད༔ ལྕགས་རི་ནག་པོའི་སྒོ་བཞིའི་མགོན་ཁང་ན༔ ཤཱཀྱ་ཐུབ་པ་གཙོ་འཁོར་ལྔ་ལྔ་བཞུགས༔ སྒོ་འགྲམ་ཕྱི་གཉིས་རྒྱལ་ཆེན་རིགས་བཞི་དང་༔ ནང་མ་གཉིས་ན་ལྷ་མགོན་ཟུང་རེ་བཞུགས༔ རི་མོར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་བཞི་ལ་གཏད༔ ཕྱི་ཡི་ལྕགས་རི་ནག་པོའི་རྩེ་ལ་ནི༔ མཆོད་རྟེན་སྟོང་དང་རྩ་བརྒྱད་བསྐོར་བར་བྱས༔ ཆོས་སྐྱོང་རྒྱལ་པོ་ཉི་ཁྲི་ཆིག་སྟོང་དང་༔ དྲེགས་བྱེད་སྟོང་སྡེ་བཅོ་བརྒྱད་དག་ལ་གཏད༔ ལྕགས་རི་གཅིག་བསྐོར་ནང་གི་བཞུགས་བྱང་ཡིན༔ སྒོ་བཞིའི་མདུན་ན་རྡོ་རིང་ཆེན་པོ་བཞི༔ ལོ་པཎ་རྗེ་བློན་མཛད་པ་ཡི་གེར་བཀོད༔ བཙུན་མོས་བཞེངས་པའི་ལྷ་ཁང་རྣམ་གསུམ་ལ༔ ཚེ་སྤོང་བཟའ་ནི་སྟོང་དཀར་མས་བཞེངས་པ༔ ཁམས་གསུམ་མེ་ཏོག་སྒྲོལ་གྱི་བཀོད་པ་ནི༔ ཆེ་ཆུང་དབུ་རྩེ་ཉིད་ལས་ཆུང་བ་ལ༔ བཀོད་པ་དབུ་རྩེ་ཁོ་ན་འདྲ་བར་བཞེངས༔ དེ་ན་ལྷ་ཚོགས་བཀོད་པའི་བཞུགས་བྱང་ནི༔ འོག་ཁང་གཙོ་བོ་བྱང་ཆུབ་ཆེན་པོ་ལ༔ ས་ཡི་སྙིང་པོ་བྱམས་པ་སྤྱན་རས་གཟིགས༔ ནམ་མཁའི་སྙིང་པོ་ཀུན་བཟང་རྡོ་རྗེ་འཛིན༔ འཇམ་དབྱངས་སྒྲིབ་པ་རྣམ་པར་སེལ་བ་དང་༔ ཉེ་བའི་སྲས་བརྒྱད་འཁོར་ནི་འཛུམ་བཅས་གཟིགས༔ ཁམས་གསུམ་རྣམ་རྒྱལ་ཁྲོ་བོ་མི་གཡོ་མགོན༔ སྒོ་སྲུང་གཉིས་ཏེ་ལྷ་ཚོགས་བཅུ་གཅིག་བཞུགས༔ ལྟེ་བའི་རྒྱུད་རིས་སངས་རྒྱས་ལྔ་སྟོང་དང་༔ བཞི་བརྒྱ་ལྔ་བཅུ་རྩ་གསུམ་བྲིས་པ་ཡིན༔ བསྐོར་ཁང་ཕྱི་བལྟས་མདོ་སྡེ་དཀོན་ཅོག་སྤྲིན༔ ནང་བལྟས་ལངྐར་གཤེགས་པའི་རྒྱུད་རིས་བྲིས༔ སྔ་ཁང་ལ་ནི་ཕྱོགས་བཅུའི་སངས་རྒྱས་དང་༔ དྲི་མ་མེད་པར་གྲགས་པའི་རྒྱུད་རིས་བྲིས༔ ཆོས་སྐྱོང་དཔལ་ལྡན་ལྷ་མོ་ཉིད་ལ་གཏད༔ འཁོར་ས་བར་མ་དཀོར་མཛོད་དགུ་ཡིས་བརྒྱན༔ རྒྱུད་རིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་བྲིས༔ ཆོས་སྐྱོང་ས་བདག་ཀླུ་གཉན་དག་ལ་གཏད༔ འཁོར་ས་ཆེན་མོ་གློ་འབུར་བཞི་ཡིས་བརྒྱན༔ རྒྱུད་རིས་སྡོང་པོ་བརྒྱན་པའི་མདོ་སྡེ་བྲིས༔ སྒོ་འགྲམ་གཉིས་ལ་རབ་གནས་མཛད་པའི་ཚེ༔ རྒྱལ་བློན་དགུང་བཞུགས་གླུ་གར་རོལ་མོ་དང་༔ སྒྱུ་མ་མཁན་དང་གྱད་ཀྱི་འགྲན་སྟོབས་དང་༔ བྲག་དམར་མཚོ་མོ་མགུལ་གྱི་དཀྱིལ་དུ་ནི༔ རང་བྱུང་པདྨའི་སྡོང་པོ་སྐྱེས་པ་སོགས༔ ཡ་མཚན་ཆེ་བའི་རྟགས་མཚན་མང་པོ་དང་༔ བོད་དུ་ངོ་མཚར་སྣ་ཚོགས་བྱུང་ཚུལ་བྲིས༔ སྐྱིད་པའི་བྲོ་མོ་ཆེ་དང་གླུ་མོ་ཆེ༔ ལོ་ནི་བཅུ་གཉིས་བར་དུ་བླངས་པ་བྲིས༔ ཆོས་སྐྱོང་རྒྱལ་པོ་འོད་ཅན་མཆེད་གསུམ་ཡིན༔ ཅོང་ཁང་ཆོས་སྐྱོང་གཟའ་དང་ཀླུ་ལ་གཏད༔ བར་ཁང་གཙོ་བོ་སངས་རྒྱས་མར་མེ་མཛད༔ ཉེ་བའི་སྲས་བརྒྱད་འཁོར་ལ་འཛུམ་བཅས་གཟིགས༔ ཀང་ཀིང་གཉིས་ཏེ་ལྷ་ཚོགས་བཅུ་གཅིག་བཞུགས༔ ལྟེ་བའི་ནང་གཟིགས་བུད་མེད་བུར་འགྱུར་བར༔ ལུང་དུ་བསྟན་པ་མདོ་ཡི་རྒྱུད་རིས་བྲིས༔ བསྐོར་ཁང་ཕྱི་བལྟས་གཙུག་ན་རིན་ཆེན་མདོ༔ ནང་བལྟས་ཕྱིར་མི་ལྡོག་པའི་འཁོར་ལོ་བྲིས༔ བསྐོར་ཁང་གདོང་ལ་རྒྱལ་ཆེན་རྣམ་གཉིས་བཀོད༔ སྟེང་ཁང་གཙོ་བོ་རྣམ་སྣང་ཀུན་ཏུ་ཞལ༔ ཉེ་བའི་སྲས་བརྒྱད་འཁོར་གྱིས་རབ་ཏུ་མཛེས༔ ཕྱོགས་བཅུ་ནས་བྱོན་སེམས་དཔའ་བཅུ་དྲུག་དང་༔ སྒོ་སྲུང་བརྒྱད་དེ་ལྷ་ཚོགས་སུམ་ཅུ་གསུམ༔ ལྟེ་བའི་ལོག་ལ་རི་མོ་བཀོད་པ་ནི༔ རིགས་ལྔའི་སངས་རྒྱས་ཕྱོགས་ཚོན་དག་དང་བསྟུན༔ སྒོ་བ་བཞི་དང་མཆོད་པའི་ལྷ་མོ་བྲིས༔ རིན་ཆེན་སྣ་ཚོགས་སྤྱི་གདུགས་མཛེས་པ་ལ༔ གསེར་གྱི་དྲིལ་ཆེན་འཕྱང་འཕྲུལ་རྣམས་ཀྱིས་བརྒྱན༔ བར་ཁང་དང་ནི་སྟེང་ཁང་སྲུང་མ་ནི༔ ཆོས་སྐྱོང་རྒྱལ་པོ་གནོད་སྦྱིན་མཆེད་གསུམ་ཡིན༔ ལྕོག་བཞི་ལག་ན་རྡོ་རྗེ་བཞི་ལ་གཏད༔ ཁམས་གསུམ་མེ་ཏོག་སྒྲོལ་གྱི་དཀར་ཆག་ཡིན༔ འཕན་ཡུལ་གྲུ་གསུམ་ཕོ་གྱོང་རྒྱལ་མོ་བཙུན༔ ཡུམ་ནས་སྐྱེ་བ་བཞེས་པས་ཁྱད་དུ་འཕགས༔ དེ་ཡི་ཐུགས་དམ་དགའ་ལྡན་བྱང་ཆུབ་སྒྲོལ༔ དབུ་ཚལ་གསེར་ཁང་བཞེངས་པའི་བཞུགས་བྱང་ནི༔ ལྷ་སྲས་མི་མངའ་ལྷ་ཁང་ཉིས་ཐོག་བཞེངས༔ ཟས་སྣ་བཅུ་གསུམ་བཟོ་བོ་རྣམས་ལ་དྲངས༔ བཟོ་སྣ་བཅུ་གསུམ་ཁྱད་དུ་འཕགས་ཟེར་ཏེ༔ བདུན་གྱིས་ཁྱད་དུ་འཕགས་པ་ཡིན་ནོ་སྐད༔ ཕྱི་ན་རྩིག་མེད་ནང་ན་ཀ་བ་མེད༔ མཐིང་གི་རྒྱ་ཕིབས་ཕྱི་ལྟ་ནང་ལྟ་དང་༔ གསེར་གྱི་རྟ་དང་སེང་གེ་གླང་ཆེན་སོགས༔ རྒྱ་བྱ་སྣ་ཚོགས་དག་གིས་ལེགས་པར་བརྒྱན༔ གླ་གོར་སྒོ་ལ་གསེར་གྱི་བྱིའུ་ཆུང་ནི༔ སྙན་པའི་སྒྲ་སྐད་ཡིད་འོང་སྒྲོག་པར་བྱེད༔ ཐང་དང་བད་ནི་སོ་ཕག་བཻ་ཌཱུཪྻ༔ ཆུ་སྲིན་ཁ་ནས་དྲི་ཞིམ་སྤོས་ཀྱི་ཆུས༔ སྐུ་ཁྲུས་གསོལ་ཏེ་རུ་སྦལ་སྟེང་དུ་འབབ༔ མཛད་པ་བཅུ་གཉིས་གཙོ་བོ་འབུར་དུ་དོད༔ གཙོ་བོ་དང་ནི་སེམས་དཔའ་ཐམས་ཅད་ལ༔ སྤྱི་གདུགས་སྒོས་གདུགས་དག་གིས་ལེགས་པར་བརྒྱན༔ གསེར་གྱི་གདུགས་ལ་མཆོད་པའིལྷ་མོ་ནི༔ ཉི་ཤུ་རྩ་བརྒྱད་དག་གིས་མཛེས་པར་བྲིས༔ ལྷ་ཡི་བུ་ནི་ཁྱུང་གི་སྒོ་ང་ནས༔ དེ་བཞིན་གཤེགས་པ་རྣམས་ལ་སྐུ་ཁྲུས་གསོལ༔ ཟུར་བཞི་དག་ན་གསེར་གྱི་སེང་གེ་ནི༔ ལུག་ཐོང་ཙམ་པ་བརྒྱད་ཀྱིས་ལེགས་པར་བརྒྱན༔ དེ་ལྟར་བཟོ་ཁྱད་བཅུ་གསུམ་ཁྱད་དུ་འཕགས༔ འོག་ཁང་གཙོ་བོ་རྒྱལ་བ་རིགས་ལྔ་ལ༔ གསུམ་ནི་གསེར་སྐུ་གཉིས་ནི་རི་མོར་བྲིས༔ ཉེ་བའི་སྲས་བརྒྱད་གཙོ་ལ་འཛུམ་བཅས་གཟིགས༔ རྡོ་རྗེ་གཏུམ་པོ་ཁྲོ་རྒྱལ་མི་གཡོ་མགོན༔ དེ་ལྟར་ལྷ་ཚོགས་བཅོ་ལྔ་བཞུགས་པ་ཡིན༔ ལྟེ་བའི་སྔ་གདོང་གཉིས་ལ་རྒྱུད་རིས་ནི༔ རྒྱལ་ཆེན་ཡུལ་འཁོར་སྲུང་དང་སྤྱན་མི་བཟང་༔ བཙུན་མོ་སྲས་དང་བློན་པོར་བཅས་པ་བྲིས༔ བསྐོར་ཁར་ཞལ་ནི་ཕྱི་རུ་གཟིགས་པ་ལ༔ འབུམ་གྱི་གླེང་གཞི་ཕྱོགས་བཅུའི་སངས་རྒྱས་བཀོད༔ སྒོ་འགྲམ་གདུང་མཚམས་གཉིས་ཀྱི་གཡས་གཡོན་དུ༔ བཀའ་འདུས་དང་ནི་བླ་མེད་དོན་རྫོགས་ཀྱི༔ དཀྱིལ་འཁོར་སྒོ་རྫོགས་ཕོ་བྲང་རེ་རེ་བྲིས༔ བསྐོར་ཁང་ཞལ་ནི་ནང་དུ་གཟིགས་པ་ཡི༔ བར་གྱི་ཁྱམས་ལ་མཛད་པ་བཅུ་གཉིས་ནི༔ འབུར་དང་རི་མོ་བསྲེས་ནས་རྒྱས་པར་བྲིས༔ བར་ཁྱམས་སྔ་གདོང་དག་ལ་དགེ་བསྙེན་ནི༔ ལིཙྪ་བྱི་དང་འཇམ་དཔལ་བགྲོ་མཛད་བྲིས༔ འཁོར་ཁྱམས་ཆེན་མོར་ཕལ་ཆེན་རྒྱུད་རིས་དང་༔ རཱུ་ཏྲ་ཐར་པ་ནག་པོའི་སྐྱེ་རྒྱུད་བྲིས༔ སྒོ་ཁང་ལ་ནི་གང་བ་བཟང་པོ་དང་༔ ནོར་བུ་བཟའ་པོ་སྲིད་པའི་འཁོར་ལོ་ཅན༔ འཇིག་རྟེན་གདགས་པའི་དཔེའུ་ཆུང་དག་ཏུ་བྲིས༔ དཀོར་མཛོད་དྲུག་དང་ཇོ་མོའི་ཁང་པ་དང་༔ གློ་འབུར་དག་གིས་འཁོར་ས་ཆེན་མོ་བརྒྱན༔ སྟེང་ཁང་གཙོ་བོ་རྣམ་སྣང་ཀུན་ཏུ་ཞལ༔ སེམས་དཔའ་བཅུ་དྲུག་དག་གིས་བསྐོར་ནས་བཞུགས༔ སྟེང་ཁང་རྒྱ་ཕིབས་འོག་ན་རི་མོ་ནི༔ བུ་མོ་བདུན་གྱི་རྟོག་པ་བརྗོད་པ་དང་༔ འཕགས་པ་དགེ་འདུན་སྐྱོང་གི་རྟོགས་བརྗོད་བྲིས༔ སྟེང་ཁང་བར་ཁྱམས་དག་ལ་རི་མོ་ནི༔ མདོ་སྡེ་པདྨ་དཀར་པོའི་རྒྱུད་རིས་བྲིས༔ སྤྱི་ཡི་ཆོས་སྐྱོང་མ་མགོན་ལྕམ་དྲལ་དང་༔ ཀླུ་རྒྱལ་ས་བདག་རུ་སྦལ་དག་ལ་གཏད༔ གློ་འབུར་བདུན་གྱི་ཆོས་སྐྱོང་སྲུང་མ་ནི༔ རྒྱལ་པོ་རྟ་མགོ་གནོད་སྦྱིན་ཀུཎྜ་ལི༔ གང་བ་བཟང་དང་ནོར་བུ་བཟང་ལ་གཏད༔ དེ་དག་དབུ་ཚལ་གསེར་ཁང་དཀར་ཆག་ཡིན༔ འབྲོ་བཟའ་བྱང་ཆུབ་རྗེ་ཡི་བཙུན་མོ་ཡི༔ ཐུགས་དམ་དགེ་བ་རྒྱས་པའི་ལྷ་ཁང་ནི༔ སྲས་དང་སྲས་མོ་མི་མངའ་ཐོག་གཅིག་མ༔ སོ་ཕག་ཁྲོ་ཆུས་ལེགས་པར་སྦྱར་བྱས་བཞེངས༔ སྣང་བ་མཐའ་ཡས་གཙོ་མཛད་ལུགས་མ་བདུན༔ འཇམ་དབྱངས་སྤྱན་རས་གཟིགས་དང་ཀུན་ཏུ་བཟང་༔ སྨན་པའི་རྒྱལ་པོ་དང་ནི་སེམས་དཔའ་བཞི༔ ཁྲོ་རྒྱལ་ཕྱག་ན་རྡོ་རྗེ་མི་གཡོ་མགོན༔ ལྡེར་ཚོ་རྡོ་རྗེ་སེམས་དཔའ་བྱམས་པ་སྟེ༔ དེ་ལྟར་གཙོ་འཁོར་རྣམ་པར་དགུ་བཞུགས་སོ༔ ལྟེ་བའི་སྔ་གདོང་གཉིས་ལ་རྒྱུད་རིས་ནི༔ གཡས་ན་དམ་པ་རིགས་བརྒྱའི་དཀྱིལ་འཁོར་དང་༔ གཡོན་ན་བསྒྲུབ་པ་བཀའ་བརྒྱད་ཕོ་བྲང་བྲིས༔ བསྐོར་ཁང་ཞལ་ནི་ཕྱི་རུ་ལྟ་བ་ལ༔ རིགས་ལྔའི་སྐྱེ་རྒྱུད་བོད་དུ་ཆོས་བྱུང་ཚུལ༔ ལོ་པཎ་གདན་དྲངས་ཆོས་ཀྱི་བསྒྱུར་ཚུལ་དང་༔ ཆོས་ཁྲིམས་བསྡམས་ཚུལ་ལོ་ཙཱ་བསླབས་པའི་ཚུལ༔ པཎྜི་ཏ་དང་རྒྱལ་པོ་མཇལ་ཚུལ་དང་༔ བོན་ཆོས་གྲུབ་མཐའ་འགེགས་རེས་བྱས་པའི་ཚུལ༔ བོན་བསྣུབས་ཆོས་ལ་དག་ཐེར་བྱེད་ལུགས་དང་༔ བཻ་རོ་ཙ་ན་ནམ་སྙིང་རྣམ་ཐར་བྲིས༔ ལྟེ་བའི་ཕྱེད་ནི་མན་ཆད་མ་བྲིས་སོ༔ བསྐོར་ཁང་ཞལ་ནི་ནང་དུ་གཟིགས་པ་ལ༔ ཨུ་རྒྱན་པདྨའི་རྣམ་ཐར་འདི་ཉིད་དང་༔ གསང་སྔགས་བོད་དུ་འགྱུར་ཚད་ཐམས་ཅད་ཀྱི༔ དཀྱིལ་འཁོར་སྒོ་རྫོགས་ལྷ་དང་བཅས་པ་བྲིས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བསམ་ཡས་སྐུ་རྟེན་ལྷའི་བཞུགས་བྱང་དཀར་ཆག་ཏུ་བཀོད་པའི་ལེའུ་སྟེ་གྱ་དྲུག་པའོ༔ ༔





༨༧། ཕྱི་མཚན་ཉིད་ཐེག་པའི་བཀའ་དང་བསྟན་བཅོས་འགྱུར་བྱང་གི་ལེའུ།

དེ་ནས་གསུང་རྟེན་ཆོས་ཀྱི་འགྱུར་བྱང་ནི༔ དང་པོ་ཉན་རང་ཆོས་ཀྱི་འགྱུར་བྱང་ལ༔ མདོ་སྡེ་ལེགས་ཉེས་བསྟན་དང་ལས་བརྒྱ་པ༔ རྣམ་འབྱེད་རྣམ་པར་འཐག་པ་ལས་རྣམ་བརྗོད༔ གང་པོའི་རྟོགས་བརྗོད་བྲམ་ཟེ་ཚོམས་ཀྱི་མདོ༔ དྲིན་ལས་བསབ་མདོ་མཛངས་བླུན་དྲན་ཉེར་བཞག༔ ཚུལ་ཁྲིམས་ངན་པ་ཚར་གཅོད་པ་ཡི་མདོ༔ དེ་ལྟར་དྲང་དོན་བསྟན་པའི་མདོ་བཅུ་དང་༔ གཞན་ཡང་ཐེག་དམན་མདོ་སྡེ་དཔག་མེད་འགྱུར༔ འདུལ་བ་ལུང་གཞི་རྣམ་འབྱེད་གཞུང་བླ་མ༔ ཕྲན་ཚེགས་དང་ནི་སོ་ཐར་མདོ་གཉིས་སོ༔ བར་པ་བྱང་སེམས་ཆོས་ཀྱི་འགྱུར་བྱང་ལ༔ ཕ་རོལ་ཕྱིན་པ་ཡུམ་སྲས་བཅུ་བདུན་དང་༔ ཤེར་ཕྱིན་སྟོང་ཉིད་གཙོར་སྟོན་མདོ་མང་འགྱུར༔ ཐ་མ་ངེས་དོན་སྙིང་པོ་བསྟན་པའི་མདོ༔ སའི་སྙིང་འཁོར་ལོ་བཅུ་པ་ཡོན་ཏན་མདོ༔ ཕལ་ཆེན་དཀོན་བརྩེགས་ལང་གཤེགས་པདྨ་དཀར༔ མྱང་འདས་དགོངས་པ་ངེས་འགྲེལ་རྒྱན་སྟུག་པོ༔ གསེར་འོད་དམ་པ་ལ་སོགས་དཔག་མེད་འགྱུར༔ འཁོར་ལོ་གསུམ་གྱི་དགོངས་པ་འགྲེལ་པའི་ཕྱིར༔ མདོ་དང་མཐུན་པའི་བསྟན་བཅོས་འགྱུར་བྱང་ལ༔ བདེན་བཞི་ཉན་རང་ཐེག་པའི་བསྟན་བཅོས་ནི༔ འདུལ་བའི་གཞུང་འགྲེལ་རྣམ་པ་མང་པོ་དང་༔ དེ་དང་མཐུན་པའི་མདོ་འགྲེལ་མང་དུ་འགྱུར༔ བྱེ་བྲག་བཤད་མཛོད་ཆེན་མོའི་རྒྱ་དཔེ་བཞུགས༔ ཆོས་ཀྱི་ཕུང་པོ་གནས་བརྟན་ཤཱ་རིའི་བུས༔ གདགས་པའི་བསྟན་བཅོས་མཽངྒལ་གྱི་བུས༔ ཁམས་ཀྱི་ཚོགས་ནི་དགྲ་བཅོམ་གང་པོས་བྱས༔ རྣམ་པར་ཤེས་པའི་ཚོགས་ནི་ལྷ་སྐྱིད་ཀྱིས༔ སྒྲོལ་བའི་རྣམ་གྲངས་གསུས་པོ་ཆེ་ཡིས་བྱས༔ ཡེ་ཤེས་འཇུག་པ་ཀཱ་ཏྱཱ་ཡ་ནའི་བུས༔ དེ་ལྟར་ཆོས་མངོན་བསྟན་བཅོས་སྡེ་བདུན་དང་༔ དབྱིག་གཉེན་གྱིས་མཛད་ཕུང་པོའི་རབ་བྱེད་དང་༔ ཉི་ཤུ་པ་ཡི་རབ་ཏུ་བྱེད་པ་དང་༔ སུམ་ཅུ་པ་ཡི་རབ་ཏུ་བྱེད་པ་དང་༔ ལས་རྣམས་གྲུབ་པའི་རབ་ཏུ་བྱེད་པ་དང་༔ རྣམ་པར་བཤད་པ་རིག་པས་རང་རྒྱུད་ལྔ༔ ཆོས་མངོན་མཛོད་སོགས་གཞུང་འགྲེལ་མཐའ་ཡས་འགྱུར༔ ཐམས་ཅད་སྤྲོས་ན་ཡི་གེ་མངས་བས་བསྡུས༔ བྱང་ཆུབ་སེམས་དཔའི་ཐེག་པའི་བསྟན་བཅོས་ནི༔ དཔལ་མགོན་ཀླུ་སྒྲུབ་དབུ་མ་རིག་པའི་ཚོགས༔ བསྟོད་པའི་ཚོགས་དང་གཏམ་ཚོགས་ལ་སོགས་དང་༔ ཨཱཪྻ་དེ་བའི་དབུ་མ་བཞི་བརྒྱ་པ༔ སློབ་དཔོན་བྷ་བྱའི་རྟོག་གེ་འབར་བ་དང་༔ སངས་རྒྱས་བསྐྱངས་ཀྱི་བུདྡྷ་པཱ་ལི་དང་༔ ཟླ་བ་གྲགས་པའི་དབུ་མ་ལ་འཇུག་པ༔ ཡེ་ཤེས་སྙིང་པོའི་བདེན་གཉིས་རྣམ་འབྱེད་དང་༔ སློབ་དཔོན་ཞི་བ་འཚོ་ཡི་དབུ་མ་རྒྱན༔ ཀ་མ་ཤཱི་ལའི་དབུ་མ་སྣང་བ་སོགས༔ རྟ་དབྱངས་མདོ་སྡེའི་སྐྱེས་རབས་སྙན་ངག་བཅས༔ དགྲ་བཅོམ་ཆོས་སྐྱབས་ཆེད་དུ་བརྗོད་པའི་ཚོམས༔ ཕྱོགས་ཀྱི་གླང་པོའི་རབ་བྱེད་བརྒྱ་རྩ་བརྒྱད༔ ཆོས་ཀྱི་གྲགས་པའི་སྡེ་བདུན་རྣམ་འགྲེལ་སོགས༔ དབང་སྡེ་རབ་ཏུ་འབྱེད་པའི་གཏན་ཚིགས་དང་༔ ཞི་བ་ལྷ་ཡི་སྤྱོད་འཇུག་བསླབ་བཏུས་སོགས༔ ཐོགས་མེད་ཀྱིས་བླངས་བྱམས་པའི་ཆོས་ལྔ་དང་༔ ས་སྡེ་ལྔ་དང་སྡོམ་གསུམ་ལ་སོགས་པ༔ ཐེག་པ་ཆེན་པོའི་བསྟན་བཅོས་མང་དུ་འགྱུར༔ ངེས་པ་དོན་གྱི་མདོ་སྡེའི་འགྲེལ་བཤད་ནི༔ ས་བཅུའི་འགྲེལ་པ་དབྱིག་གཉེན་མཛད་པ་དང་༔ པད་དཀར་འགྲེལ་པ་ས་ཡི་རྩ་ལག་དང་༔ དགོངས་འགྲེལ་ཊཱི་ཀ་བམ་པོ་དྲུག་ཅུ་སོགས༔ ཚད་ལྡན་མཁས་པའི་གཞུང་ལུགས་མང་དུ་འགྱུར༔ དེ་ལྟར་བསྟན་བཅོས་རབ་ཏུ་མང་པོ་བཞུགས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ཕྱི་མཚན་ཉིད་ཐེག་པའི་བཀའ་དང་བསྟན་བཅོས་འགྱུར་བྱང་གི་ལེའུ་སྟེ་གྱ་བདུན་པའོ༔ ༔










བྱམས་བརྩེའི་འོད་ཁྱིམ་འཕྲིན་སྟེགས།





〖1〗༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་ལྗགས་ཁྲིད་མཛད་པའི་མདོ་སྡེ་མཛངས་བླུན་སྒྲ་『ཆ་ཚང་།』


〖2〗འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད།སྒྲུང་པ་སྐལ་བཟང་གྲགས་པ།〖ཆ་ཚང་།〗


〖3〗༄༅། །འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་ཞེས་བྱ་བ་བཞུགས་སོ། །༸མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།སྐུ་ཉིད་ཀྱིས་ལྗགས་ཁྲིད་གནང་བའི་སྒྲ་〖ཆ་ཚང་།〗


མཁན་འཆི་མེད་རིག་འཛིན་གྱིས་གསུང་བའི་བདེ་ཆེན་ཞིང་གི་སྨོན་ལམ།【ཚ་ཚང】


ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས།   མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད།   གང་ཞེ་ན།   འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད།  དེའི་ཕྱིར་ངེད་༼བྱམས་བརྩེའི་འོད་ཁྱིམ་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་འཕྲིན་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།


གསལ་བཤད།


སྤྱི་སྟེགས་འདིར་རིན་ཐང་ཆེ་བའི་གཏམ་བཤད་དང་། ལོ་རྒྱུས་ངོ་སྤྲོད། གསོ་རིག་ལས་འཕྲོས་པའི་གལ་ཆེའི་འཕྲོད་བསྟེན་ཤེས་བྱ།  ཡུལ་ལུང་གོམས་སྤྱོད་ངོ་སྤྲོད།   ཡུལ་སྐོར་ཟིན་ཐོ། ཡ་མཚར་དངོས་བྱུང་སྐོར། ནང་ཆོས་དང་མཚན་རིག་ལས་འཕྲོས་པའི་ཀུན་སྤྱོད་དང་ལྟ་གྲུབ་སྐོར།  ད་དུང་འཆད་ཁྲིད་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ།



འཕྲིན་སྟེགས་གཙོ་སྐྱོང་པས།




སྤྱི་སྟེགས་སུ་མི་སྒེར་དང་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ།  མྱུར་དུ་ང་ཚོར་འབྲེལ་གཏུགས་གྱིས་དང་དྲྭ་ངོས་ནས་བསུབ་ངེས་ཡིན།

版权为原著所有,著有侵犯到您的权益,请您与我们联系,我们将立即删除


སྤེལ་ཟིན་པ་དག་ལ་གཟིགས་འདོད་ན།⬇️

རྒྱལ་སྲས་ལག་ལེན། ༧ཆོས་རྗེ་བླ་མའི་གསུངས། སྒྲ།【ཆ་ཚང་།】

ཆོས་རྗེ་བླ་མས་ཁེ་ན་ཏ་ན་གསུངས་བའི་ནང་པའི་ཆོས་ལུགས་དང་མཐུན་པའི་བཀའ་སློབ་མདོར་བསྡུས།༼བརྙན་ཆ་ཚང་།༽

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་དགོངས་པ་ཆོས་དབྱིངས་སུ་མ་རྫོགས་གོང་བླ་རུང་ཞིང་སྒྲུབ་ཀྱི་རྣམ་པ་དང་སྐྱབས་རྗེ་བླ་མའི་བཀའ་སློབ་དང་ཞིང་དབང་བསྐུར་བའི་བརྙན།

ངེས་ཤེས་སྒྲོན་མེ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།

ཡི་གེ་བརྒྱ་པའི་བཀླག་ཐབས་གོ་དོན་སྒྲུབ་ཚུལ་ཕན་ཡོན་བཅས་པ།『ཆ་ཚང་།

རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་འགྲེལ་བའི་འཆད་ཁྲིད།༼སྒྲ་ཆ་ཚང་ཡོད།

སྙིང་རྗེ་དང་དཀར་ཟས། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

ཚེ་སྲོག་གི་རིན་ཐང་། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

སྐྱེ་བ་སྔ་ཕྱི་རྣམ་བཞག༼བརྙན་ཆ་ཚང་།༽

འཛམ་གླིང་འཕྲོད་བརྟེན་ཉིན་མོར་བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་བདེ་སྲུང་ཚན་ཆུང་གི་བགྲོ་གླེང་ཐེངས་གཉིས་པའི་སྐབས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གནང་བའི་བཀའ་སློབ།

མང་ཚོགས་ལ་གནང་བའི་བསླབ་བྱ།༼ཆ་ཚང་།༽ མཁན་ཆེན་མཆོག་གིས་བཀའ་སློབ། 

རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།『སྒྲ་ཆ་ཚང་།』འཆད་ཁྲིད་པ།མཁན་ཆེ་ཚུལ་ཁྲིམས་བློ་གྲོས།

སྙིང་གཏམ་སུམ་ཅུ་པའི་བཀའ་ཆོས།【ཆ་ཚང་།】མཁན་ཆོས་དབྱིངས་ཁྱབ་བརྡལ།

བློ་ལྡོག་རྣམ་བཞི། མཁན་ཆེན་བསོད་ནམས་དར་རྒྱས་ཀྱིས་གསུང་བརྙན༼ཆ་ཚང་༽

དྲང་སྲོང་ལུང་གི་ཉི་མའི་བཀའ་ཁྲིད་ཟིན་བྲིས།བསྟན་འཛིན་ནོར་བུ༼ཆ་ཚང་༽

བདེ་ཆེན་ཞིང་ཁྲིད། མཁན་ཆེན་ཆོས་ཐོའི་འཆད་ཁྲིད་གསར་པ།『སྒྲ་ཆ་ཚང་།』

དུས་འཁོར་ཆོས་འབྱུང་། སྒྲ། ༼ཆ་ཚང་།༽ལྡོང་ཡོན་ཏན་རྒྱ་མཚོ་མཆོག

མ་ཎི་དང་མ་ཎི་འཁོར་ལོའི་ཕན་ཡོན། མཁན་ཀུན་ཕན་ནོར་བུའི་གསུང་།

འདན་སྲས་འཁྲབ་སྟོན། ༼བརྙན་ཆ་ཚང་།༽

རྗེ་བཙུན་མི་ལ་རས་པའི་རྣམ་ཐར།༼གློག་བརྙན་ཆ་ཚང་།༽

སྙིང་གཏམ་སྤྲིན་གྱི་རོལ་མོ། ཀློག་འདོན་པ། གངས་ལྷ་སྲས།【ཆ་ཚང་།】

འཕོ་ལུང་། སྒྲ། ཆོས་རྗེ་བླ་མ་དང་མཁན་ཆེན་རྣམ་གཉིས་ཀྱིས་གསུང་།

གྲུབ་བསྡུས་གནད་ཀྱི་སྒྲོན་མེ། མཁན་པོ་ཀུན་བཟང་།༼སྒྲ་ཆ་ཚང་།༽






    您可能也对以下帖子感兴趣

    文章有问题?点此查看未经处理的缓存